Articles


ང་སློབ་དཔོན་འབད་དགོ་པ་ཅིན་ སྟོན་ནི་བས་ལྷབ་ནི་ལུ་བརྩོན་དགོཔ་ཨིན
ང་སློབ་དཔོན་ཅིག་འབད་དགོ་པ་ཅིན་ སྟོན་ནི་དང་ལྷབ་ནི་གཉིས་ཆ་ར་ཁག་ཆེ་ཤོས་ཅིག་ཨིན་རུང་ ཕལ་ཆེར་ ད་ལྟོ་སྐབས་སུ་འབབ་པ་ལུ་ ང་སློབ་དཔོན་འབད་དགོ་པ་ཅིན་ སྟོན་ནི་བས་ལྷབ་ནི་བརྩོན་དགོཔ་ཨིན། ག་ཁྱབ་ཟེར་བ་ཅིན་ ཁོང་སློབ་ཕྲུག་ཨ་ལོ་འདི་ཚུ་གི་རྒྱུད་ལུ་ ཡོན་ཏན་འདི་གཏིང་ཟབ་དྲག་རྒྱ་མཚོ་བཟུམ་ཅིག་དང་མཐའ་ཡས་པ་གནམ་ཁ་བཟུམ་སྦེ་ ཁོང་ལུ་ལེགས་ཤོམ་འབད གོ་བརྡ་སྤྲོད་དགོ་པ་ཅིན་ གཙོ་བོ་ར་སློབ་དཔོན་རང་གི་རྒྱུད་ལུ་ ཡོན་ཏན་འདི་ རི་ཆེན་ལས་འབབ་པའི་ཆུ་བཟུམ་ཅིག་དགོསཔ་ཨིན།
དཔྱེ་གཏམ་ལས་ཡང་ འབྲི་ཀློག་ཡོན་ཏན་ཀུན་གྱི་གཞི་ཟེར་སླབ་དོ་བཟུམ་སྦེ་ རང་སློབ་དཔོན་འབད་དགོ་པ་ཅིན་ རང་གྱི་རྒྱུད་ལུ་ ལྷབ་ནི་གི་རིག་རྩལ་འདི་སྟོན་ནི་གི་གཞི་བཟུམ་ཅིག་དང་ སྟོན་ནི་རིག་རྩལ་འདི་ལམ་སྟོན་པ་བཟུམ་ཅིག་འབད་བཞག་དགོཔ་ཨིན། དེ་སྦེ་བཞག་དགོ་མི་འདི་གཙོ་བོ་ར་ ལྷབ་ཞིནམ་ལས་སྟོན་དགོ་ནི་འདི་གིས་ཨིནམ་མ་ཚད་ ལྷག་པར་དུ་ཡང་ ས་སྐྱ་ལེགས་བཤད་ལས་ཡང་ ཡོན་ཏན་ལྡན་ན་སྐྱེ་བོ་ཀུན།། མ་བསྡུས་པར་ཡང་རང་ཉིད་འདུ།། དྲི་ལྡན་མེ་ཏོག་རྒྱང་རིང་ཡང་།། བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར།། ཟེར་གསུང་དོ་བཟུམ་སྦེ་ རང་གི་རྒྱུད་ལུ་ ཡོན་ཏན་འདི་ཚེས་ཅན་བཅོ་ལྔའི་ཟླཝ་བཟུམ་སྦེ་ཡོད་པ་ཅིག་ རང་གི་སློབ་ཕྲུག་གི་མ་ཚད་པར་ གཞན་མི་ཚུ་གི་ཡང རང་བཞིན་གྱི་མེ་ཏོག་འདི་ལུ་ བུང་བ་སྤྲིན་གྱི་ཚོགས་དོ་བཟུམ་སྦེ་ རང་ལུ་འཁོར་ཏེ་འོང་ནི་ཨིནམ་ལས་ ལྷབ་ནི་ལུ་བརྩོན་དགོཔ་འདི་གལ་ཆེ་ཤོས་ཅིག་ཨིན།
འདི་བཟུམ་སྦེ་རང་ གཞན་མི་མཁས་པ་ཚུ་གི་ བྲིས་བཞག་མི་དཔེ་ཆ་ དེ་ལས་ཉིན་ལྟར་ཕྱི་ནང་གཉིས་ཀྱི་གནས་ཚུལ་གསར་ཤོག་འདི་ཚུ་དང་ ཉེར་མཁོ་བའི་ཀི་དེབ་འདི་ཚུ་ལྷབ་འདྲཝ་ཅི་འབད་བ་ཅིན་ ་ལོ་ཚུ་ལུ་སྟོན་པའི་སྐབས་ལུ་ཡང་ ལོ་རྒྱུས་ལེ་ཤ་གི་སྒོ་ལས་སྟོན་བྱིན་ཚུགསཔ་ཨིན། དེ་མ་ཚད་ མིང་ཚིག་གསརཔ་འདི་ཚུ་ཡང་ ཉིནམ་ཅིག་བ་ཅིག་ ལེ་ཤ་ཤེས་ཚུགསཔ་མ་ཚད་ ཡིག་གི་སྦྱོར་བ་འདི་ཚུ་ཡང་ཤེས་ཚུགས་པའི་དགོས་པ་ཡོདཔ་ཨིན། དེ་ལས་རང་གིས་ག་ཅི་ར་ལྷབ་རུང་ ལེགས་ཤོམ་འབད་ གོ་བ་ལེན་ཚུགསཔ་ཨིན།
ང་བཅས་ར་ཆ་ཁྱབ་ཀྱི་ སློབ་གྲྭ་ཁག་ཚུ་ལས་ཕར་འགྱོ་དེ་འབད་ས་ཅིག་རུང་ དཔེ་ཆ་སྟོན་པའི་སྐབས་སུ་ལུ་ སློབ་དཔོན་རང་གིས་ རིག་པ་གསརཔ་དང་ཐབས་ཤེས་རྣམ་པ་སྣ་ཚོགས་ཀྱི་སྒོ་ལས་སྟོན་བྱིན་ཚུགསཔ་མ་ཚད་ སྤྲོ་བའི་སྒོ་ལས་ཁོང་སློབ་ཕྲུག་ལ་ཨོ་འདི་ཚུ་ལུ་སྟོན་ཚུགས་ཨིན། དེ་ལས་ བརྗོད་ཚིག་དང་གཞི་བཀོད་འདི་ཚུ་ཡང་ལེགས་ཤོམ་འབད་ ཧ་གོ་ཚུགས་མ་ཚད་ གཞན་གྱི་རིག་པ་འདི་ཚུ་ཡང་ ཧ་གོ་ཚུགས་ཞིནམ་ལས་ རྩེད་གླེང་ཡང་འབད་ཚུགས་པའི་ཤེས་བྱ་ཡར་རྒྱས་བཏངམ་ཨིན།
དཔྱེ་གཏམ་ལས་ཡང་ རང་ལ་དགོས་པའི་ཡོན་ཏན་འདི་ ཉིནམ་མ་རེ་ཚིག་རེ་བཟུང་ཟེར་སླབ་སྲོལ་ཡོད་དོ་བཟུམ་སྦེ་ ཡོན་ཏན་ཟེར་མི་འདི་ ཚེ་འདི་དང་ཕྱི་མ་གཉིས་ཆ་ར་གི་དོན་ལུ་ ཕན་པའི་ནོར་བུ་རིན་པོ་ཆེ་བཟུམ་ཅིག་ཨིནམ་མ་ཚད་ དེང་སང་གི་གནས་སྟངས་དང་འཁྲིལཝ་ད་ རང་ལུ་དགོས་པའི་ཆོས་ཡོན་ཏན་འདི་ ཉིནམ་མ་རེ་ལུ་ ཚིག་བརྒྱ་བརྒྱ་འབད་ཡང་སློབ་དགོ་པའི་དུས་ཚོད་གུར་ཧོད་དེ་ཡོད་ཟེར་ཞུ་ནི་ཨིན་།དེ་འབད་ནི་འདི་གིས་ ང་སློབ་དཔོན་འབད་དགོ་པ་ཅིན་ སྟོན་ནི་བས་ལྷབ་ནི་ལུ་བརྩོན་དགོསཔ་འདི་ག་ནི་བ་གལ་ཅན་ཅིག་ཨིན

                                               བྲིས་མི་་་་ལྷུན་གྲུབ་ཆོས་རྒྱས། ལོ་ངོ་གསུམ་པ་ ཁ་སྡེ།

No comments:

Post a Comment